སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི་དབུ་ཁྲིད་འོག་འབྲི་གུང་སྒྲ་སྒྱུར་ལས་འཆར་ཁག་གཉིས།

༧དཔལ་རྒྱལ་བའི་དབང་པོ་འབྲི་གུང་པ་༧སྐྱབས་མགོན་ཉི་ཟླ་ཟུང་དང་བཀའ་བརྒྱུད་འབྲི་གུང་པའི་སྐོར་ལ་ཞིབ་ཕྲ་མཁྱེན་འདོད་ཡོད་དྲྭ་རྒྱ་ཨ་མ་འདིར་གཟིགས་རོགས་གནང་།

རིན་ཆེན་དཔལ་སྒྲ་སྒྱུར་ལས་འཆར།

༢༠༡༧ ལོར་རིན་ཆེན་དཔལ་སྒྲ་སྒྱུར་ཚོགས་པའི་གྲོས་ཚོགས་དང་པོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས། དེ་ནས་བཟུང་སྒྲ་སྒྱུར་བ་རྣམས་ཡུལ་གྲུ་སོ་སོར་ལོ་ལྟར་འདུ་འཛོམ་གྱིས་རང་ལུགས་འདོན་ཆོག་སོགས་ཡིག་ཆ་སྣ་ཚོགས་དབྱིན་སྐད་སོགས་སྐད་རིགས་གཞན་དུ་བསྒྱུར་དང་སྒྱུར་བཞིན་པ་ཡིན།

ཚོགས་པ་འདི་ཡི་དམིགས་ཡུལ་གཙོ་བོ་ནི། འབྲི་གུང་རང་ལུགས་ཀྱི་འདོན་ཆོག་མ་དཔེ་དང་དེ་དག་གི་འགྱུར་རྣམས་རང་རེའི་ཆོས་སྡེ་ཡོངས་ལ་གཅིག་འགྱུར་ཡོང་ཐབས་བྱ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་མ་དཔེ་རྣམས་གཙོ་ཆེར་དབྱིན་སྐད་དུ་སྒྱུར་བཞིན་ཡོད་ནའང་། མི་རིང་བར་རྒྱ་ནག ཇར་མན། ཝིའད་ནམ། སྤེན་སོགས་ཀྱི་སྐད་དུ་ཡང་བསྒྱུར་འཆར་ཡིན།

ཚོགས་པ་འདིའི་ཚོགས་འདུ་དང་པོའི་སྐབས་༧དཔལ་རྒྱལ་བའི་དབང་པོ་འབྲི་གུང་པ་༧སྐྱབས་མགོན་ཆེ་ཚང་རྡོ་རྗེ་འཆང་མཆོག་གིས་བྱ་ཁྲིམས་གསུམ་ཞལ་བཀོད་མཛད་པ་ནི། ༡ ཡིག་སྒྱུར་སྐབས་མ་དཔེ་ཁུངས་དག་ཤོས་གང་ཡིན་བེད་སྤྱོད་གཏང་རྒྱུ། ༢ མ་དཔེར་ཞུས་དག་གིས་ཡིག་ནོར་བཅོས་རྒྱུ། ༣ སྒྲ་སྒྱུར་བ་རྣམས་ཀྱིས་ཐ་སྙད་བསྒྱུར་བ་རྣམས་གཅིག་འགྱུར་དང་། སྐད་རིགས་གང་དུ་བསྒྱུར་ནའང་སྐད་རིགས་དེའི་བརྡ་སྤྲོད་དང་རང་བཞིན་འགྲོ་སྟངས་ལ་འཚམས་པ་བྱ་རྒྱུ་བཅས་ཡིན།

སྤྱི་ལོ་ ༢༠༡༨ ནས་རིན་ཆེན་དཔལ་སྒྲ་སྒྱུར་ཚོགས་པའི་དབུ་འཛིན་གྱི་ལས་འགན་མཁན་པོ་དཀོན་མཆོག་བརྟན་འཕེལ་ནས་གནང་མུས་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་འདི་ཡི་ཁོངས་གཏོགས་སྒྲ་སྒྱུར་བ་བཅུ་གཉིས་ཙམ་ཡོད།

སྒྲ་སྒྱུར་བ་སུ་ཞིག་ཚོགས་པ་འདིར་མཉམ་ཞུགས་གནང་མོས་ཡོད་ན་གློག་འཕྲིན་ཁ་བྱང་འདིར་འབྲེལ་གཏུག་གནང་བར་ཞུ། 

བི་ཀྲ་མ་ཤཱི་ལ་ཞིབ་འཇུག་དང་སྒྲ་སྒྱུར་ལས་འཆར།

སྒྲ་སྒྱུར་ཚོགས་པ་འདི་ཐོག་མར་ཨ་རིར་སྤྱི་ལོ་༢༠༡༡ ལོར་ཊྲེ་སི་སི་ཊེ་ལར་མན། མེ་གྷན་ཧོ་ཝརྜ། མཁན་ཆེན་ཉི་མ་རྒྱལ་མཚན་གསུམ་གྱིས་བཙུགས།

སྤྱི་ལོ་༢༠༡༥ ནས་ཚོགས་པ་འདིས་མཁན་ཆེན་ཉི་མ་རྒྱལ་མཚན་གྱི་ལམ་སྟོན་འོག་ཇར་མན་དུ་ཡོད་པའི་མི་ལ་རས་པའི་སྒྲུབ་སྡེར་ཕྱག་ལས་གནང་འགོ་བཙུགས་ནས་ད་བར་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་འགྲོ་མགོན་ཕག་མོ་གྲུ་པ་དང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པའི་ཡིག་ཆ་ཁག་གཅིག་ལ་ཞིབ་འཇུག་དང་ཡིག་སྒྱུར་གནང་ནས་མགར་ཆེན་ཐེབས་རྩ་ཚོགས་པའི་དཔེ་སྐྲུན་སྡེ་ཚན་གྱི་མཚན་ཐོག་ནས་པར་སྐྲུན་ཞུས་ཟིན་པ་དང་།

ད་ལྟའི་ཆར་ཚོགས་པ་འདི་ནང་རྒྱ་སྐད། དབྱིན་སྐད། ཇར་མན་སྐད། ཨུ་རུ་སུའི་སྐད་དང་སྤེན་གྱི་སྐད་བཅས་ཀྱི་ལོ་ཙཱ་བ་བདུན་ཙམ་བཞུགས་ཡོད། ཡིག་སྒྱུར་མཉམ་ལས་གནང་སྐབས་ལོ་ཙཱ་བ་རྣམས་སྡེ་ཚན་སོ་སོ་བགོས་ནས་ཉིན་རེ་བཞིན་སྔ་དྲོ་མཁན་ཆེན་ཉི་མ་རྒྱལ་མཚན་གྱི་དྲུང་ནས་བསྒྱུར་བྱའི་མ་དཔེ་བཤད་ཁྲིད་ཞུས་རྗེས་ཉིན་རྒྱབ་ནས་མ་དཔེ་ལ་ཞིབ་འཇུག་དང་སྦྲགས་ཡིག་སྒྱུར་གནང་སྲོལ་ཡོད།

ལོ་ཙཱ་བ་གང་ཞིག་ལོ་ཙཱ་སྦྱོང་བརྡར་གནང་རྒྱུར་འདོད་མོས་ཡོད་ན། མགར་ཆེན་ཐེབས་རྩ་ཚོགས་པར་འབྲེལ་གཏུག་གནང་། ད་ཆ་ང་ཚོར་དམིགས་བསལ་སྤེན་སྐད་ཀྱི་ལོ་ཙཱ་བ་ཞིག་དགོས་ཡོད།